འབུམ་རམས་པ་པདྨ་དབྱངས་ཅན་ལགས་བཀའ་བློན་དུ་བདམས་ཐོན་བྱུང་བ།  


vot.org
Facebooktwittergoogle_plusmail
འབུམ་རམས་པ་པདྨ་དབྱངས་ཅན་ལགས་བཀའ་བློན་དུ་བདམས་ཐོན་བྱུང་བ།  

ཁེ་ན་ཌར་བཅའ་བཞུགས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་ཟུར་པ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༥ འི་བཀའ་བློན་དུ་བདམས་ཐོན་བྱུང་སོང་།

དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཐོག་སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་རྗེས་སྤྱི་འཐུས་རྩ་འབོར་ ༤༤ ནས་འོས་པ་ ༢༦ དང་མི་འོས་པ་ ༡༥ བར་བཞུགས་གྲངས་ ༣ བཅས་ཁོང་ལ་མང་མོས་ཐོག་ནས་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་རེད།

གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ནས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པའི་ཐུགས་འགན་བཞེས་འདུག

ཁོང་གིས་ཕྱི་ལོ་ ༡༩༩༣ ལོར་ལྡི་ལི་དང་མ་ཌི་རས་མཐོ་སློབ་ནས་དབྱིན་སྐད་ཐོག་མཐོ་རིམ་དང་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་འདུག་པ་དང་། ༡༩༩༦ ལོར་དགེ་འོས་ཐོན་རྗེས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་དབྱིན་སྐད་དགེ་རྒན་གྱི་ཕྱག་ལས་གནང་འདུག

དེ་རྗེས་ཕྱི་ལོ་ ༢༠༠༡ ལོར་ཁོང་ཨ་རིར་ Fulbright སློབ་ཡོན་ཁོངས་སུ་ལོ་གཅིག་རིང་དབྱིན་ཇི་སློབ་ཁྲིད་ཐོག་སློབ་སྦྱོང་གནང་འདུག་པ་དང་རིམ་པས་གཙུག་ལག་རབ་འབྱམས་པ་དང་མཐར་ཤེས་ཡོན་ཐོག་འབུམ་རམས་པ་ཐོན་རྗེས་རྒྱ་གར་ལྷོ་ཕྱོགས་ Bangalore གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པའི་ཐུགས་འགན་བཞེས་ཡོད་པ་རེད།

པདྨ་དབྱངས་ཅན་ལགས་ནས་འདི་ག་རླུང་འཕྲིན་ཁང་གི་བཀའ་འདྲི་དང་ལེན་དང་སྦྲགས། ཁོང་ད་རེས་བཀའ་བློན་དུ་བདམས་ཐོན་བྱུང་བར་དགའ་ཚོར་དང་བཅས་ཁོང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུ་རྒྱུ་ནི་གོ་སྐབས་དང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་དང་། ཁྱད་པར་དུ་ཤེས་རིག་ལས་ཁུངས་སུ་ཞབས་ཕྱི་གང་ཐུབ་ཞུ་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།