༸གོང་ས་མཆོག་གིས་བོད་མི་ཁ་ཆེ་ཚོ་ལའང་བོད་མིའི་རང་དབང་རྩོད་ལེན་གྱི་འགན་གཅིག་མཚུངས་ཡོད་པ་བཀའ་གནང་འདུག


vot.org
Facebooktwittergoogle_plusmail
༸གོང་ས་མཆོག་གིས་བོད་མི་ཁ་ཆེ་ཚོ་ལའང་བོད་མིའི་རང་དབང་རྩོད་ལེན་གྱི་འགན་གཅིག་མཚུངས་ཡོད་པ་བཀའ་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་གྲོང་ཁྱེར་ Kolkata ནང་གི་བོད་རིགས་ཁ་ཆེ་བ་གཙོས་པའི་ཁུལ་དེར་སློབ་སྦྱོང་གནང་བཞིན་པའི་བོད་ཕྲུག་ན་གཞོན་སྐོར་ཞིག་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པ་དང་། ལྷག་པར་བོད་མི་ཁ་ཆེ་བ་ཚོ་ལའང་བོད་མིའི་རང་དབང་རྩོད་ལེན་གྱི་འགན་གཅིག་མཚུངས་ཡོད་པ་བཀའ་གནང་འདུག

བོད་རིགས་ཚོ་ལ་མཇལ་ཁ་དང་བཀའ་སློབ་ཀྱི་མཛད་རིམ་དེ་ནི་མགོན་པོ་མཆོག་གི་བཞུགས་གནས་Oberoi གསོལ་མགྲོན་ཁང་དུ་གནང་འདུག་པ་དང་། སྐབས་དེར་གྲོང་ཁྱེར་ཀལ་ཀཱ་ཊ་དང་། དེ་བཞིན་རྒྱ་གར་བྱང་ཤར་ཀ་སྦུག རྡོ་རྗེ་གླིང་གཞན་ཡང་འབྲས་ལྗོངས་སོགས་ནས་བོད་རིགས་ཁ་ཆེ་བ་སོགས་སློབ་ཕྲུག་བརྒྱ་ལྷག་བཅར་ཡོད་པ་རེད་འདུག

མགོན་པོ་མཆོག་གིས་སྐབས་དེར་ཐོག་མར་མང་ཚོགས་ལ་༸གང་ཉིད་མཆོག་ ༡༩༥༦ ལོར་གྲོང་ཁྱེར་ཀལ་ཀཱ་ཊར་ཐེངས་དང་པོ་ཕེབས་མྱོང་ཡོད་པའི་སྐོར་གསུངས་པ་དང་འབྲེལ། དེའི་ཚེ་དེའི་དུས་སུ་གྲོང་ཁྱེར་དེའི་ Hawra ཟམ་པ་དང་གཅན་གཟན་ཁང་སོགས་སྐད་གྲགས་ཡོད་པ་ཐོས་མྱོང་ཡོད་སྐོར་བཀའ་གནང་པ་དང་། ༡༩༥༩ རྗེས་སུ་བོད་མི་རྣམས་བཙན་བྱོལ་ཆགས་རྗེས་ཕྱོགས་གཅིག་ནས་བཙན་བྱོལ་བ་ཞིག་ཆགས་ཡོད་ནའང་། ཕྱོགས་གཞན་ཞིག་ནས་ང་ཚོ་བཙན་བྱོལ་དུ་སླེབས་ནས་བོད་མི་རིགས་ཀྱི་རིག་གཞུང་དང་སྙིང་སྟོབས་བསྟན་ཐུབ་ཡོད་པ་མ་ཟད། དེ་རིང་སང་ཉིན་དེ་སྔ་དང་མི་འདྲ་བ་རང་ཉིད་བོད་པ་ཡིན་ཟེར་ན་སྤོབས་པ་སྐྱེས་དགོས་ཡག་ཆགས་ཡོད་རེད་ཅེས་དང་བཀའ་གནང་འདུག

སྐབས་དེར་ཚོགས་བཅར་བའི་ཁྲོད་བོད་རིགས་ཁ་ཆེ་བ་ཁག་ཅིག་ཡོད་པ་རྣམས་ལས་འཕྲོས་ནས་༸གོང་ས་མཆོག་གིས་དེ་སྔ་བོད་ནང་རྒྱལ་མཆོག་ལྔ་པ་ཆེན་པོའི་༸སྐུ་དུས་དུས་སུ་བོད་པའི་ཁ་ཆེ་བ་ཚོར་གཟིགས་པ་ཡངས་པོ་ཡོད་སྐོར་གྱི་ལོ་རྒྱུས་ངོ་སྤྲོད་གནང་པ་དང་། དེ་བཞིན་དུས་ཕྱིས་རྒྱ་གར་བྱང་ཕྱོགས་ Srinagar ནང་གི་བོད་རིགས་ཁ་ཆེ་བ་ཚོས་བོད་སྐད་ཧ་ཅང་ཡག་པོ་སྐྱོན་བཞིན་པ་ལ་བསྔགས་བརྗོད་ཀྱིས་མགོན་པོ་མཆོག་གིས་བོད་རིགས་ཁ་ཆེ་བ་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པ་དང་། སྒོས་སུ་བོད་རིགས་གཅིག་མཚུངས་ཤིག་ཡིན་སྟབས་བོད་མིའི་རང་དབང་གི་འགན་ཡང་གཅིག་མཚུངས་ཡོད་པ་བཀའ་སློབ་གནང་འདུག

དེ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་གར་འདུས་པའི་གཞོན་སྐྱེས་རྣམས་ཀུན་ལའང་བོད་ཡིག་གི་ཐོུང་མིན་པའི་སྐོར་དང་འབྲེལ། དུས་རབས་ ༢༡ པའི་ནང་བོད་ཡིག་མ་ཤེས་ན་ཧ་ལམ་ནང་ཆོས་སྤྱི་དང་ཁྱད་པར་ནཱ་ལེནྡྲའི་ཆོས་བརྒྱུད་ཐོག་སློབ་སྦྱོང་བྱེད་ཐུབ་ཡག་ཁག་པོ་གཟིགས་གནང་གི་ཡོད་པ་བཀའ་བསྩལ་འདུག

མགོན་པོ་མཆོག་གིས་ང་ཚོ་བོད་མི་ཚོས་ལོ་ངོ་ལོ་ཕྲག་རིང་ནས་བདག་གཅེས་གནང་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ནི་ང་ཚོ་སྤོབས་སྐྱེས་དགོས་ཡག་ཅིག་དང་། བོད་མི་ཚོས་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག

མཛད་འཆར་ལྟར་དེ་རིང་ཉིན་རྒྱབ་མགོན་པོ་མཆོག་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལོར་༸ཞབས་སོར་བདེ་བར་འཁོད་འདུག་པ་དང་། སང་ཉིན་༸གང་ཉིད་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་བཀྲིན་བསྐྱང་གི་ཡོད་པ་རེད།


འབྲེལ་ཡོད་གསར་འགྱུར།