བོད་ཀྱི་ཞོ་སྟོན་ཐེངས་ ༢༢ བོད་མིའི་གཞིགས་སྒར་བདེ་སྐྱིད་གླིང་དུ་དབུ་འཛུགས་གནང་པ།

Facebooktwittergoogle_plusmail

རྒྱ་གར་བྱང་ཕྱོགས་ལྡེ་རུ་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་བདེ་སྐྱིད་གླིང་དུ་འདི་ལོའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༢ དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་བོད་ཀྱི་ཞོ་སྟོན་དེ་བདེ་སྐྱིད་གླིང་གཙོས་པའི་ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་གནས་སྡོད་ས་གནས་ཁག་བཞིའི་ནང་དུ་སྲུང་བརྩི་ཞུ་རྒྱུ་རེད་འདུག

དེའང་ལོ་ངོ་བརྒྱ་ཕྲག་སྔོན་ནས་བོད་མི་ཚོས་སྲུང་བརྩི་ཞུ་སྲོལ་ཡོད་པའི་བོད་ཀྱི་ཞོ་སྟོན་ཞེས་པའི་དུས་ཆེན་དེའི་མིང་ཐོབ་ཚུལ་གྱི་བྱུང་རབས་ལ་ཕྱིར་མིག་ཞིག་བལྟས་ཚེ་དེ་ནི་སྔར་དུས་རབས་ ༡༥ པའི་ནང་དུ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དངོས་སློབ་འཇམ་དབྱངས་ཆོས་རྗེ་མཆོག་གིས་བོད་མེ་ཕོ་སྤྲེལ་གྱི་ལོ་ ༡༤༡༦ ལོར་བོད་ཀྱི་གདན་ས་འབྲས་སྤུངས་དགོན་པ་ལེགས་གྲུབ་ཟིན་པའི་མཛད་སྟོན་དུ་ཁུལ་དེའི་འབྲོག་པ་ཚོས་རྟེན་འབྲེལ་གྱི་མཛད་སྟོན་ཐོག་དགེ་འདུན་པ་རྣམས་ལ་གསོལ་ཚིགས་སུ་ཞོ་འདེགས་ཕུལ་པ་ནས་བཟུང་སྟེ་ལོ་ལྟར་བོད་མི་ཚོས་བོད་ཟླ་ ༦ ཚེས་ ༣༠ ཉིན་དེ་ལྟར་གནང་སྲོལ་ཡོད་པར་ཞོ་སྟོན་ཞེས་པའི་མིང་ཆགས་པ་ཡིན།  དེ་ནས་༸གོང་ས་ལྔ་པ་ཆེན་པོ་ངག་བློ་བཟང་རྒྱ་མཚོ་མཆོག་གི་སྐབས་སུ་ཞོ་སྟོན་གནང་སྲོལ་ཡོད་པ་དེར་རྒྱ་བསྐྱེད་ཀྱང་ཕྱིན་ཡོད་པ་རེད། འོན་ཀྱང་བོད་ལ་དུས་འགྱུར་བྱུང་བའི་རྗེས་བཙན་བྱོལ་ནང་དུ་ཞོ་སྟོན་སྲུང་བརྩི་གནང་སྲོལ་ཐད་ལ་དུས་ཚོད་ཀྱི་ཆ་ནས་འགྱུར་བ་ཕྲན་བུ་ཕྱིན་ནས་ཕྱི་ལོ་ ༡༩༩༣ ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༤ པའི་ནང་ལ་བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་གཞིགས་སྒར་ཁག་ཏུ་བོད་ཀྱི་ཞོ་སྟོན་རྒྱས་པ་སྲུང་བརྩི་གནང་གི་ཡོད།

འདི་ལོའི་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༢ དེ་བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་དབུ་འཛུགས་གནང་འདུག་པ་དང་། ཐེངས་འདིའི་ཞོ་སྟོན་ཐོག་སྦེལ་ཀོབ་དང་།  ཨོ་རི་ས། ཀ་སྤུག མན་སྤར། ཀོ་ལི་གྷར། བྷན་ད་ར། མ་སུ་རི། བོད་ཀྱི་ཟློས་གར། བལ་ཡུལ། དེ་བཞིན་མོན་གྷོ་བཅས་བཙན་བྱོལ་ནང་གི་ལྷ་མོ་ཚོགས་པ་ཁག་བཅུ་ནས་མཉམ་ཞུགས་གནང་འདུག་ཅིང་། སྔ་དྲོ་ཞོ་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ས་སྐྱའི་ཁྲི་ཆེན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཕེབས་གནང་འདུག

གཞི་རྩའི་ཐེངས་འདིའི་བོད་ཀྱི་ཞོ་སྟོན་རྒྱས་པ་དེ་དེ་རིང་ཟླ་ ༤ ཚེས་ ༡༩ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༥ བར་ཚོགས་གནང་གི་འདུག་པ་དང་། འདི་ལོའི་ཞོ་སྟོན་སྐབས་དུ་ལྷ་མོའི་ཚོགས་པ་ཁག་གིས་པདྨ་འོད་འབར་དང་། འགྲོ་བ་བཟང་མོ། ཆོས་རྒྱལ་ནོར་བཟང་། རྒྱལ་པོ་འཇིགས་རྟེན་དབང་ཕྱུགས། གཟུགས་ཀྱི་ཉི་མ།  སྣང་ས་འོད་འབུམ། མཁས་སློབ་ཆོས་གསུམ། དྲི་མེད་ཀུན་ལྡན་བཅས་ལྷ་མོའི་འཁྲབ་གཞུང་བརྒྱད་གཟིགས་འབུལ་ཞུ་གནང་གི་འདུག

འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་བོད་ཀྱི་ཞོ་སྟོན་དེ་བོད་མིའི་གཞིས་སྒར་བདེ་སྐྱིད་གླིང་གཙོས་པའི་རཱཇ་པུར་དང་། སྤོན་ཌ། མ་སུ་རི། དོན་གྲུབ་གླིང་བཅས་སུ་རིམ་བཞིན་ལྷ་མོ་ཚོགས་པ་ཁག་འཆར་འགོད་ཀྱིས་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་ཞུས་པའི་བརྒྱུད་ནས་ཞོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ཡིན་པ་གསུངས་སོང་།

རྩ་བའི་དེ་རིང་སྔ་དྲོ་བོད་ཀྱི་ཞོ་སྟོན་དབུ་འབྱེད་ཀྱི་མཛད་སྒོ་ཐོིག་ས་གནས་ཁག་གི་ལྷ་མོ་ཚོགས་པ་ཚོས་རང་རང་སོ་སོའི་འཁྲབ་གཞུང་གི་གཟིགས་ཕུད་དེ་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱའི་ཁྲི་ཆེན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་གཙོས། མང་ཚོགས་རྣམས་ལ་གཟིགས་འབུལ་ཞུས་ཡོད་པ་རེད།

ཀློག་གྲངས། ༡༣༣
Facebooktwittergoogle_plusmail