ཆོས་རིག་བཀའ་བློན་མཆོག་བ་ཀུ་ལ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་མཛད་སྒོར་ལྷན་ཞུགས་གནང་པ།

Facebooktwittergoogle_plusmail
ཆོས་རིག་བཀའ་བློན་མཆོག་བ་ཀུ་ལ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་མཛད་སྒོར་ལྷན་ཞུགས་གནང་པ།

དེ་རིང་ཟླ་ ༥ ཚེས་༡༩ སྟེ་ཞིང་གཤེགས་དམ་པ་བ་ཀུ་ལ་རིན་པོ་ཆེ་སྐུ་ཕྲེང་ ༡༩ མཆོག་གི་འཁྲུངས་སྐར་འཁེལ་གྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ལ་དྭགས་སླེ་རུ་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་ལོ་ ༡༠༠ ཐམ་པ་འཁོར་བའི་དུས་དྲན་མཛད་སྒོར་ལྷན་ཞུགས་གནང་འདུག
དེའང་དེ་རིང་སྔ་ཐོག་ལ་དྭགས་སླེ་རུ་བ་ཀུ་ལ་རིན་པོ་ཆེ་སྐུ་གོང་མའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དེ་ནི་བ་ཀུ་ལ་སྐུ་ཕྲེང་ ༡༩ པའི་རྒྱ་སྟོན་སྲུང་བརྩི་གོ་སྒྲིག་ཚོགས་ཆུང་གིས་རྐང་འགན་བཞེས་པ་ཞིག་ཡིན་པ་རེད། མཛད་སྒོའི་ཐོག་རྒྱ་གར་མངའ་སྡེ་གཞུང་གི་བློན་ཆེན་གཞོན་པ་མཆོག་དང་ལ་དྭགས་དབུས་གཞུང་གི་གྲོས་ཚོགས་འཐུས་མི་ཁག དེ་བཞིན་ས་གནས་བློན་ཆེན་བཅས་གཙོ་བོར་གྱུར་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ས་གནས་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ། ལྷག་དོན་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག གཞན་ཡང་སེར་སྐྱ་མང་ཚོགས་བཅས་ནས་མཉམ་ཞུགས་གནང་འདུག
རྩ་བའི་ཞིང་གཤེགས་དམ་པ་བ་ཀུ་ལ་རིན་པོ་ཆེ་སྐུ་ཕྲེང་ ༡༩ པ་མཆོག་ནི་ཕྱི་ལོ་ ༡༩༡༧ ལོར་ལ་དྭགས་ཀྱི་རྒྱལ་བརྒྱུད་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། དགུང་ལོ་ ༡༣ ལ་སོན་སྐབས་བོད་ལ་ཆེད་ཕེབས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་ཐོག་གསན་བསམ་སློབ་གཉེར་མཛད་ནས་བོད་ནང་དགེ་བཤེས་རྒྱུགས་སྤྲོད་གནང་འདུག་པ་མ་ཟད། ཕྱིས་སུ་ལ་དྭགས་ལ་ཕྱིར་ཕེབས་གནང་ནས་༸རྒྱལ་མཆོག་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གིས་ཁོང་བ་ཀུ་ལ་སྐུ་ཕྲེང་ ༡༨ པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། དེ་བཞིན་རིན་པོ་ཆེ་མཆོག་ནས་རྒྱ་གར་གྲོས་ཚོགས་འཐུས་མི་གནང་སྟེ་ས་གནས་བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་བཅས་མང་ཚོགས་ཀྱི་བདེ་དོན་སླད་སྐུ་ལས་མང་དག་བསྐྱོན་ཡོད་པ་རེད། དེ་བཞིན་སོག་ཡུལ་ནང་དུ་རྒྱ་གར་གཞུང་ཚབ་པའི་ཕྱག་ལས་གནང་ནས་རུ་སུ་དང་སོག་པོ་གཉིས་ནང་ནང་ཆོས་སླར་གསོ་མཛད་དེ་ཕྱི་ལོ་ ༢༠༠༥ ལོར་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཞུ་ཕྱིར་སླེ་གནམ་ཐང་ལ་བ་ཀུ་ལ་གནམ་ཐང་ཞེས་མིང་བསྒྱུར་གནང་ཡོད་པ་རེད།
ལྷག་པར་དུ་ཞིང་གཤེགས་དམ་པ་བ་ཀུ་ལ་རིན་པོ་ཆེ་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛའ་གྲོགས་ཡག་ཤོས་ཤིག་དང་དགའ་མོས་ཆེན་པོ་གནང་ཡུལ་ཞིག་ཡིན་པ་མ་ཟད། ཁོང་ནས་ལ་དྭགས་ནང་གི་བོད་མིའི་བདེ་དོན་སླད་སྐུ་ལས་ཚད་མེད་བསྐྱོན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་བ་ཀུ་ལ་རིན་པོ་ཆེ་མཆོག་ལ་ལ་དྭགས་དེང་རབས་ཅན་དུ་བསྒྱུར་མཁན་ཞིག་ཡིན་པར་ངོས་འཛིན་མཛད་ཀྱི་ཡོད།