ཁམས་ཡུལ་ཤུལ་དུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་ལ་བཀག་འགོག་གནང་མཁན་མང་ཚོགས་ལ་དྲག་གནོན་བྱས་འདུག


vot.org
Facebooktwittergoogle_plusmail
ཁམས་ཡུལ་ཤུལ་དུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་ལ་བཀག་འགོག་གནང་མཁན་མང་ཚོགས་ལ་དྲག་གནོན་བྱས་འདུག

ཟླ་ ༧ ཚེས་༧ ཉིན་རྒྱ་གཞུང་གིས་ཆ་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཁམས་ཡུལ་ཤུལ་རྫོང་། རོང་པོ་གྲོང་བརྡལ། རུ་ཁག་གསུམ་པའི་སྡེ་ཆུང་ལུང་པའི་ཕུ་ནས་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་སྐབས་ས་གནས་རྗེས་བཟང་སྡེ་བའི་བོད་མི་ཚོས་བཀག་འགོག་བྱས་པར་བརྟེན་ཉེན་རྟོག་པས་མི་མང་ལ་དྲག་གནོན་བྱས་འདུག
དེའང་ཟླ་བ་འདིའི་ཚེས་ ༧ ཉིན་རྗེས་བཟང་སྡེ་བའི་ས་གནས་ཀྱི་ཡུལ་མི་ཕོ་མོ་ཁྱོན་ ༢༠༠ ལྷག་ཙམ་ཞིག་མཉམ་འཛོམས་གནང་ནས་རང་སྲོག་ཕངས་མེད་ཀྱིས་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱས་ཡོད་སྟབས་ཉེན་རྟོག་པ་མང་པོ་ཞིག་ཆེད་གཏོང་གིས་མང་ཚོགས་ཐོག་དུག་རྫས་གཏོར་ནས་མི་མང་པོ་ཞིག་བརྒྱལ་དུ་བཅུག་པ་དང་། མང་དག་ཞིག་ལ་རྡུང་རྡེག་ཚད་མེད་བཏང་པར་བརྟེན་རྨས་སྐྱོན་ཕོག་པ་མང་པོ་ཞིག་བྱུང་འདུག
སོག་རུས་དཔེ་དབང་ཟེར་བའི་ལོ་ན་ ༧༠ ལྷག་ཡིན་པའི་རྒན་པོ་ཞིག་ལ་རྡུང་རྡེག་ཚད་མེད་བཏང་ནས་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད་དེ་བཞིན་ཁྲིམས་མེད་ལུགས་མེད་ཀྱིས་མང་ཚོགས་ལ་རྨས་སྐྱོན་བཏང་འདུག
ཉེན་རྟོག་པས་མང་ཚོགས་ལ་དྲག་གནོན་བྱས་པའི་དོན་རྐྱེན་དེ་བྱུང་རྗེས་ཟླ་ ༧ ཚེས་༧ ཕྱི་དྲོ་རྗེས་བཟང་སྡེ་བའི་མི་དྲུག་ཅུ་ཙམ་ཞིག་ཡུལ་ཤུལ་ཁུལ་ཐོག་ལ་གོང་རིམ་ལ་ཞུ་གཏུགས་གནང་བར་ཕེབས་ཡོད་པ་རེད་འདུག
གཞི་རྩའི་ཁམས་ཡུལ་ཤུལ་ཁུལ་དུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པའི་གནས་ཚུལ་སྔ་རྗེས་ཐེངས་འགའ་ཐོན་མྱོང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲིན་དུ་རྫོང་དཀར་ཆེན་ད་དོས་ནང་གི་འབྲོག་མི་བློ་གྲོས་རྒྱལ་མཚན་ཚང་གི་དབྱར་སའི་ཐོག་ཏུ་རྒྱ་ནག་གི་གཏེར་ལས་ཀྱི་ལས་གཞི་འགོ་འཛུགས་བྱས་པ་དང་དེར་རྒྱ་ནག་ནང་ནས་ཡོང་བའི་ལག་རྩལ་མི་སྣ་ཆེད་གཏོང་གིས་གཏེར་བཏོན་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༠༧ ལོ་ནས་འགོ་འཛུགས་ཀྱིས་ཡུལ་ཤུལ་སྡོམ་མདའ་ཤང་རྫ་དམར་རུ་ཁག་བདུན་པའི་ཁྲ་ཁོག་ཞེས་པའི་ས་གནས་སུ་རྒྱ་ནག་གི་གཏེར་འདོན་ཚན་པ་ཞིག་གིས་གཏེར་ཁ་སྔོག་འདོན་བྱས་པར་ས་གནས་མང་ཚོགས་ཀྱིས་གོང་རིམ་ལ་ཞུ་གཏུག་ལན་མང་བྱས་ཀྱང་གཏེར་ཁ་སྔོག་འདོན་བྱ་རྒྱུ་མཚམས་འཇོག་མ་བྱས་པ་མ་ཟད་ཕྱི་ལོ་ ༢༠༡༦ ལོར་ངོ་རྒོལ་བྱེད་མཁན་ཡུལ་མི་ཉི་མ་ཚེ་རིང་ཟེར་བ་ཞིག་ཀྱང་འཛིན་བཟུང་བྱས་ཏེ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་སོགས་དོན་རྐྱེན་མང་དག་ཞིག་ཐོན་ཡོད་པ་རེད།

ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༣ ཉིན་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་ཨ་སྟོད་ཡུལ་ཚོའི་སྟོད་ཕྱོགས་སུ་རྒྱ་མི་གཏེར་ཁ་སྔོག་འདོན་པ་མི་གྲངས་ ༡༠༠ ཙམ་དང་། སྤྱི་རྫ་ཡུལ་ཚོར་གཏེར་ཁ་སྔོག་འདོན་པ་མི་གྲངས་ ༢༠༠ ཙམ། རྫ་ཆེན་ཡུལ་ཚོར་གཏེར་ཁ་སྔོག་འདོན་པ་ ༡༥༠ ཙམ་ཡོང་ནས་ས་གནས་སུ་གཏེར་ཁ་སྔོག་གྲབས་བྱེད་སྐབས་ཡུལ་ཚོ་དེ་གསུམ་གྱི་མི་མང་ ༤༠༠༠ ཡས་མས་ཤིག་འཛོམས་ཏེ་རྒྱ་མི་གཏེར་ཁ་སྔོག་འདོན་པ་དེ་དག་ལ་ངོ་རྒོལ་གནང་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༦ ནང་རྒྱ་ནག་གི་ཁེ་ལས་ཚན་པ་ཞིག་གིས་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གོ་གཞུང་རུ་ཆེན་ས་གནས་སུ་ཉེ་བའི་ལོ་ངོ་ཁ་ཤས་ནང་རྡོ་སོལ་གྱི་གཏེར་ཁ་ཤུགས་ཆེན་སྔོག་འདོན་བྱས་པར་བརྟེན་ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པའི་གནས་ཚུལ་ཡང་ཐོན་ཡོད།