༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་མཇལ་འཕྲད་གནང་བ།


vot.org
Facebooktwittergoogle_plusmail
༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་མཇལ་འཕྲད་གནང་བ།

དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་རྒྱལ་ས་ལྡི་ལིའི་ ITC Maurya  གསོལ་མགྲོན་ཁང་དུ་དམིགས་བསལ་མཇལ་འཕྲད་གནང་ཡོད་པ་རེད།

དེ་ཡང་ཨ་རིའི་སྲིད་འཛིན་ཟུར་པ་མཆོག་ད་རེས་རྒྱ་ནག་གཙོས་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ནང་གོ་ལའི་ཁོར་ཡུག་དང་དཔལ་འབྱོར་སོགས་ཀྱི་གནད་དོན་དང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་ལྟར། ཁ་སང་ཁོང་རྒྱལ་ས་ལྡི་ལིར་ཕེབས་འབྱོར་བྱུང་ཡོད་པ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆེད་ཕེབས་ཀྱིས་ ITC Maurya  མགྲོན་ཁང་དུ་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་དང་ཚོུད་གཅིག་ཙམ་རིང་ཟུར་དུ་དམིགས་བསལ་མཇལ་མོལ་མཛད་ཡོད་པ་རེད།

དབུ་ཁྲིད་རྣམ་པ་གཉིས་དབར་ཆུ་ཚོད་གཅིག་ཙམ་གྱི་མཇལ་མོལ་གནང་གྲུབ་མཚམས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐད་ཀར་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཆིབས་སྒྱུར་གནང་སོང་བ་དང་། གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་མགོན་པོ་༸གང་ཉིད་མཆོག་གིས་གསར་འགོད་པའི་བཅར་འདྲིར་བཀའ་ལན་དུ་དེ་རིང་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་སྐབས་གཙོ་བོ་འཛམ་གླིང་འདིའི་ནང་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཆེད་དུ་བྱམས་བརྩེ་ལྡན་པའི་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གནང་དགོས་གལ་སྐོར་བཀའ་བསྡུར་གནང་ཡོད་པ་བཀའ་བསྩལ་ཡོད་པ་རེད།

རྩ་བའི་སྐུ་ཞབས་ཨོ་བྷ་མ་མཆོག་གིས་ཕྱི་ལོ་ ༢༠༠༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐོག་མ་གནང་ཡོད་པ་དང་། སྐབས་དེར་ཁོང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པ་རེད། དེ་རྗེས་ཁོང་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་ནས་སྔ་རྗེས་སུ་མཇལ་འཕྲད་ཐེངས་ ༤ གནང་ཡོད་པ་མ་ཟད་དེ་རིང་ཁོང་ཨ་རིའི་སྲིད་འཛིན་ལས་འགན་ནས་འཁྱུར་རྗེས་༸གོང་ས་མཆོག་དང་མཇལ་འཕྲད་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།