༸གོང་ས་མཆོག་གིས་དེང་གི་འཛམ་གླིང་འདི་སྤྱི་ཚོགས་གཅིག་ལྟར་ཆགས་ཡོད་པའི་ལམ་སྟོན་མཛད་པ།


vot.org
Facebooktwittergoogle_plusmail
༸གོང་ས་མཆོག་གིས་དེང་གི་འཛམ་གླིང་འདི་སྤྱི་ཚོགས་གཅིག་ལྟར་ཆགས་ཡོད་པའི་ལམ་སྟོན་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་འདི་ག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་ཕྱི་རྒྱལ་བ་ ༦༠༠ ལྷག་ལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་བའི་ཁྲོད། ང་ཚོ་འགྲོ་བ་མི་དུང་ཕྱུར་ ༧༠ ཡོད་པའི་འཛམ་གླིང་འདི་སྤྱི་ཚོགས་གཅིག་ལྟ་བུ་ཆགས་ཡོད་པ་དང་། ཆོས་དད་ཡོད་མེད་ལ་མ་ལྟོས་པར་མི་གཅིག་པ་ཡིན་པའི་འདུ་ཤེས་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་སོང་།

མཇལ་ཁའི་ཐོག་ཧོང་ཀོང་དང་མེཀ་སི་ཁོ། ཁོ་ལམ་བིཡ། དེ་བཞིན་སོག་པོ་སོགས་རྒྱལ་ཁབ་ ༥༤ འི་སེར་སྐྱ་མང་ཚོགས་བཅར་འདུག་པ་དང་། མང་ཚོགས་དེ་དག་ལས་ཁག་ཅིག་༸གོང་ས་མཆོག་དང་མཇལ་མོལ་ཞུ་བ་ཐོག་མ་ཆགས་ཀྱི་འདུག

༸གོང་ས་མཆོག་སྐབས་དེར་ཕྱི་རྒྱལ་བ་ཀུན་ལ་འཚམས་འདྲི་བསྩལ་བ་དང་འབྲེལ་ཏེ་༸གང་ཉིད་མཆོག་ད་ཆ་དགུང་ནའི་བབ་ཀྱི་ཆ་ནས་དེ་སྔ་ལྟར་ཕྱི་རྒྱལ་དུ་ཆིབས་སྒྱུུར་བསྐྱང་ཐུབ་ཀྱི་མེད་སྟབས། ཕྱི་རྒྱལ་བ་རྣམས་བཞུགས་སྒར་དུ་བཅར་སྐབས་མགོན་པོ་མཆོག་ནས་ཁོང་རྣམ་པ་དང་ལྷན་དུ་མཇལ་མོལ་གནང་རྒྱུའི་འགན་ཡོད་པ་གཟིགས་ཀྱི་ཡོད་པ་བཀའ་གནང་སོང་། ཁྱད་པར་དུ་སྐབས་དེར་༸གང་ཉིད་མཆོག་གིས་བཀའ་སློབ་སྩལ་བའི་ཁྲོད་གཙོ་བོ་༸སྐུའི་ཐུགས་བསྐྱེད་མཛད་ཁུར་ཆེན་པོ་གསུམ་ལས་དང་པོ་བྱམས་སྙིང་རྗེ་གཞི་རྩར་བཞག་པའི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་སྐོར་བཀའ་བསྩལ་བ་དང་སྦྲགས།

དེང་གི་འཛམ་གླིང་འདིའི་ནང་ཆོས་དད་ཡོད་མེད་ལ་མ་ལྟོས་པར་མི་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འོདད་པ་གཅིག་མཚུངས་ཡིན་ཞིང་། ཁྱད་པར་དུ་དཔལ་འབྱོར་དང་ཁོར་ཡུག་སོགས་ཕྱོགས་གང་སྤྱིའི་གནས་སྟངས་དང་ད་དུང་རང་གཞན་སུ་ཞིག་གི་བདེ་སྡུག་གི་ཚོར་བ་དེ་གཅིག་ལ་གཅིག་བརྟེན་ལྟ་བུ་གྱུར་ཡོད་སྟབས། ང་ཚོས་ང་ཚོ་དང་ཁོ་ཚོ་ཞེས་དབྱེ་བ་མི་བྱེད་པར་འགྲོ་བ་མི་སྤྱིའི་བདེ་རྩའི་སླད་བསམ་བློ་གཏོང་རྒྱུའི་དུས་ལ་སླེབས་པ་དང་ཁྱིམ་ཚང་དང་རྒྱལ་ཁབ། འཛམ་གླིང་བྱམས་བརྩེ་དང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུའི་འགན་མཉམ་ཁུར་གནང་གལ་ཡིན་པར་བཀའ་བསྩལ་ཡོད།

༸གོང་ས་མཆོག་གིས་དེང་སང་འཛམ་གླིང་འདིའི་ནང་ཕྲད་དང་འཕྲད་བཞིན་པའི་དཀའ་ངལ་སྐོར་བཀའ་སྩལ་བ་དང་ཆབས་ཅིག དཀའ་ངལ་དེ་དག་སེལ་ཆེད་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་ཐབས་ལམ་འཚོལ་གལ་དང་། ཁྱད་པར་དུ་བྱམས་པ་དང་བརྩེ་བ། བཟོད་སྒོམ་སོགས་མིའི་ནང་སེམས་རྒྱུད་ཀྱི་བཟང་སྤྱོད་ཀྱི་རིན་ཐང་ཁག་ཆོས་དད་དང་མ་འབྲེལ་བར་གཙོ་བོ་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་གྲྭ་སོགས་ཀྱི་ནང་དུ་ངོ་སྤྲོད་གནང་ཐུབ་ཚེ་མ་འོངས་པའི་སྤྱི་ཚོགས་སྤྱི་དང་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་ཐུགས་རེ་གཟིགས་བཞིན་ཡོད་པ་བཀའ་སློབ་བསྩལ་སོང་།

དེ་བཞིན་༸གོང་ས་མཆོག་གིས་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་གཞུང་ནས་བསྟན་པའི་ནང་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ལ་སློབ་སྦྱོང་གནང་གལ་ཡིན་པའི་ལམ་སྟོན་མཛད་པ་མ་ཟད། ནང་སེམས་ཀྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་དཀའ་གནད་ཁག་ཅིག་གི་སྐོར་ལའང་ལམ་སྟོན་གཟབ་རྒྱས་བསྩལ་ཡོད་པ་རེད།

རྩ་བའི་དེ་རིང་༸གོང་ས་མཆོག་གི་མཇལ་ཁ་དང་བཀའ་སློབ་ཞུ་བར་ཆེད་བཅར་གནང་བའི་ཕྱི་རྒྱལ་མང་ཚོགས་ཀྱི་ཁྲོད་ནས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་མཁན་མང་དག་ཞིག་བྱུང་ཡོད་པ་རེད།


འབྲེལ་ཡོད་གསར་འགྱུར།