༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་བླ་སྤྱིར་༸ཞབས་སོར་བདེ་བར་འཁོད་པ།


vot.org
Facebooktwittergoogle_plusmail
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་བླ་སྤྱིར་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༡ སྔ་དྲོ་ཕྱག་ཚོད་ ༡༡༌༠༠ མ་ཟིན་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མུམ་བའེ་གྲོང་ཁྱེར་ནས་མཁའལམ་བརྒྱུད་ཧུབ་ལི་གན མ་ཐང་དང་དེ་ནས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བླ་སྤྱིར་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།

སྐབས་དེར་གནམ་ཐང་དུ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་ལྷོ་ཕྱོགས་སྤྱི་ཁྱབ་པ་དང་ས་གནས་གཞིས་འགོ་གདན་ས་འབྲས་སྤུངས་དང་དགའ་ལྡན་གཉིས་ཀྱི་གྲྭ་ཚང་སོ་སོའི་མཁན་རིན་པོ་ཆེ་རྣམ་པ། འབྲས་སྤུངས་བླ་སྤྱི། གཞན་ཡང་ར་སྟོད་གྲྭ་ཚང་སོགས་ཆོས་བརྒྱུད་རིས་མེད་དགོན་སྡེ་གྲྭ་ཚང་ཁག་གི་མཁན་པོ་དང་སྐུ་ཚབ་རྣམ་པ་སོགས་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་མ་ཟད། ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་མེ་ཏོག གདུག་སྤོས་སོགས་བསྣམས་ཤིང་དགའ་དད་སྤྲོ་གསུམ་གྱི་ངང་ཕེབས་བསུ་གཟབ་རྒྱས་ཞུས་སོང་།

མགོན་པོ་༸གང་ཉིད་མཆོག་འབྲས་སྤུངས་བླ་སྤྱིར་༸ཞབས་སོར་བདེ་བར་འཁོད་སྐབས་བླ་སྤྱིའི་མདུན་དུ་དགའ་ལྡན་ཁྲི་ཟུར་༸སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་དང་བྱང་རྩེ་ཆོས་རྗེ་འབྲས་སྤུངས་ཁྲི་པ་ཕེབས་བསུར་བཅར་འདུག ཐོག་མར་འབྲས་སྤུངས་བླ་སྤྱིའི་གཙུག་ལག་ཁང་ནང་གནས་གཟིགས་དང་འབྲེལ་ཞབས་སྟེགས་ཐོག་འཁོད་མཚམས་འབྲས་སྤུངས་མཁན་རིན་པོ་ཆེ་མཆོག་དང་ས་གནས་འགོ་འཛིན་རྣམ་པ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་མ་ཟད་རྒྱལ་བའི་༸ཞབས་བརྟན་གསོལ་འདེབས་གསུང་འདོན་དང་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་སོགས་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ད་ལན་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་སྒྱུར་མཛད་དོན་གཙོ་བོ་ནི་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གནང་རྒྱུ་མཚོན་པའི་མཛད་འཆར་ཁག་ཅིག་ཡོད་པ་ངོ་སྤྲོད་གནང་སོང་།

དེ་བཞིན་༸གོང་ས་མཆོག་གིས་མཁན་ལས་ཟུར་དང་བགྲེས་སོང་རྣམས་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་གནང་པ་དང་། ལྷག་དོན་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་ལ་དྭགས་གི་མི་རིགས་ཤིག་ཡིན་ཀྱང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་སྤྱི་དང་ད་བར་བཙན་བྱོལ་བོད་མིར་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གནང་བར་ཡི་རངས་བསྔགས་བརྗོད་མཛད་སོང་། ལ་དྭགས་དང་ཁུ་ནུ་མོན་སོགས་མི་རིགས་དེ་དག་ནི་ང་ཚོ་བོད་མི་དང་ཆབ་སྲིད་ཀྱི་ས་མཚམས་ཐོག་ནས་ཐ་དད་ཡིན་ཀྱང་མི་རིགས་དང་ཆོས་ལུགས་གོམས་སྲོལ་སོགས་གཅིག་མཚུངས་ཡིན་པས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་དེ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་འོས་འགན་ཡོད་པ་སོགས་བཀའ་བསྩལ་མཛད་ཡོད་པ་རེད།

ཁྱད་པར་དུ་དུས་རབས་ ༢༡ འདིའི་ཤེས་ཡོན་ནང་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་གསུངས་པའི་ལེགས་བཤད་རྨད་དུ་བྱུང་བ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་དེ་དག་རྒྱ་གར་ནང་བསྐྱར་གསོ་གནང་རྒྱུའིི་ཐོག་བཀའ་སློབ་གནང་བཞིན་ཡོད་པ་མ་ཟད་དེངསྐབས་རྒྱ་གར་སྤྱི་ཚོགས་ནང་དེ་དག་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། དེ་ལྟར་ཡོང་བར་གཙོ་བོ་གདན་ས་ཁག་ནང་སློབ་གཉེར་གནང་མཁན་གྱི་མཁས་པ་ཚོ་ཆགས་ཡོད་སྟབས་ཚང་མས་ཤུགས་སྣོན་སྐྱོན་དགོས་པ་སོགས་ཀྱི་བཀའ་སློབ་བསྩལ་ཡོོད་པ་རེད།

སང་ཉིན་ཕྱི་ཚེས་ ༡༢ དང་བོད་ཟླ་ ༡༠ ཚེས་ ༢༥ ཉིན་དགའ་ལྡན་ལྔ་མཆོད་དང་བསྟུན་༸གོང་ས་མཆོག་ནས་སྔ་ཐོག་ཚོུད་ ༨ པ་ནས་དབུ་འཛུགས་ཀྱིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རའི་ནང་སེར་སྐྱ་མང་ཚོགས་ལ་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་བཀའ་དབང་བསྩལ་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་འགྱུར།